སྐྱབས་རྗེ་༧ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག
སྐྱབས་རྗེ་༧ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གི་རྣམ་ཐར།
ཡོངས་དགེ་མི་འགྱུར་རིན་པོ་ཆེ་ནི་ཕྱི་ལོ་ ༡༩༧༥ ལོར་བལ་བོད་ས་མཚམས་ཀྱི་ཉེ་འཁོར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲོང་གསེབ་ཆུང་ཆུང་ཞིག་ཏུ་སྐུ་འཁྲུངས། ཁོང་ནི་སྙན་གྲགས་ཅན་གྱི་སྒོམ་སྒྲུབ་ཉམས་བཞེས་པ་ཡབ་སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེ་དང་ཡུམ་བསོད་ནམས་ཆོས་སྒྲོན་ (བོད་རྒྱལ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན་གཉིས་ཀྱི་གདུང་རྒྱུད་) གཉིས་ཀྱི་སྲས་ཡིན།
མི་འགྱུར་རིན་པོ་ཆེ་ནི་སྐུ་ཆུང་ངུའི་དུས་ནས་བསམ་གཏན་གྱི་འཚོ་བ་ལ་ཐུགས་མོས་ཆེ་བས་ཡབ་གཞིས་ཀྱི་ཉེ་འཁོར་དུ་ཡོད་པའི་བྲག་ཕུག་རྣམས་སུ་ཡང་ཡང་སྒོམ་སྒྲུབ་ལ་བྲོས་ཕེབས་ཀྱི་ཡོད། འོན་ཀྱང་བྱིས་པའི་དུས་སྐབས་དེ་དག་ཏུ་ཁོང་ལ་སེམས་འཚབ་ཀྱི་ནད་གཞི་ཕོག་པས་གཞན་དང་འབྲེལ་བ་བྱེད་པ་དང་། མཛེས་སྡུག་ལྡན་པའི་ཁོར་ཡུག་ལ་ལོངས་སུ་སྤྱོད་རྒྱུར་གེགས་བར་བྱུང་། མི་འགྱུར་རིན་པོ་ཆེའི་སྤོ་བོ་ལགས་བླ་མ་བཀྲ་ཤིས་རྡོ་རྗེ་ནི་ནུབ་རི་ལུང་པའི་ནང་གི་བཀུར་བཟོས་ཆེ་ཤོས་ཀྱི་བླ་མ་ཞིག་ཡིན་པ་དང་། ཁོང་ནི་ཡབ་སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེ་དང་ཤིན་ཏུ་ཐུགས་ཉེ་པོ་ཡོད།
བླ་མ་བཀྲ་ཤིས་རྡོ་རྗེ་ནི་ནུབ་རིའི་པདྨ་ཆོས་གླིང་དགོན་པའི་དབུ་བླ་མ་ཡིན་ཞིང་མི་འགྱུར་རིན་པོ་ཆེ་སྐུ་གཞོན་ནུའི་དུས་ཀྱི་ཐོག་མའི་སྒོམ་བསླབ་མཁན་གྱི་བླ་མ་ཡིན། དགུང་ལོ་དགུ་ལ་ཕེབས་སྐབས་རིན་པོ་ཆེ་བལ་ཡུལ་མཐིལ་གྱི་ཉེ་འཁོར་དུ་ཆགས་པའི་རི་ཁྲོད་ཆུང་ངུ་ནཱ་གི་དགོན་པར་ཡབ་ཀྱི་དྲུང་དུ་སྒོམ་སྒྲུབ་སློབ་གཉེར་ལ་ཕེབས། ལོ་གསུམ་ཙམ་གྱི་རིང་ལ་སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེས་ཁོང་ལ་ཕྱག་རྒྱ་ཆེན་པོ་དང་རྫོགས་པ་ཆེན་པོའི་ཉམས་ཁྲིད་ཟབ་མོ་རྣམས་གནང་ཞིང་། ཆོས་སྐོར་འདི་དག་ནི་ཤིན་ཏུ་གསང་བ་དང་ཉམས་ལེན་པ་རྩེ་མོ་བ་རྣམས་ལ་མ་གཏོགས་མི་སྟོན་པར་གྲགས་པ་ཞིག་ཡིན།
དུས་དེ་དག་གི་རིང་ལ་ཡབ་ཀྱིས་བུ་ཆུང་ངུ་དེ་ལ་གདམས་པ་གནད་དུ་བསྣུན་པ་རྣམས་གནང་ཞིང་། ཆོས་ཀྱི་ཉམས་མྱོང་མངོན་སུམ་པ་མ་སྐྱེས་བར་དུ་སྒོམ་ལ་བཏང་ངོ་། །མི་འགྱུར་རིན་པོ་ཆེ་དགུང་ལོ་བཅུ་གཅིག་ལ་ཕེབས་པ་ན་རྒྱ་གར་བྱང་ཕྱོགས་སུ་ཆགས་པའི་ཏཱའི་སི་ཏུ་རིན་པོ་ཆེའི་གདན་ས་དང་བཀའ་བརྒྱུད་པའི་དགོན་སྡེ་གལ་ཆེ་ཤོས་ཤེས་རབ་གླིང་དུ་བཞུགས་དགོས་པའི་གསོལ་འདེབས་ཞུས། དེར་བཞུགས་རིང་བླ་མ་ཚུལ་ཁྲིམས་ཀྱི་མདུན་ནས་ལོ་ཙཱ་བ་ཆེན་པོ་མར་པས་བོད་དུ་བསྒྱུར་བའི་ཆོས་སྐོར་དང་། ཀརྨ་བཀའ་བརྒྱུད་ཀྱི་ཆོ་ག་ཕྱག་ལེན་རྣམས་ལ་སློབ་གཉེར་མཛད། དགུང་ལོ་བཅུ་གཉིས་པར་ཕེབས་སྐབས་ཏཱའི་སི་ཏུ་རིན་པོ་ཆེས་ཆོགས་གྱི་ཡོངས་དགེ་མི་འགྱུར་རིན་པོ་ཆེ་སྐུ་ཕྲེང་བདུན་པའི་ཁྲི་འདོན་མངའ་གསོལ་མཛད་དོ། །
ལོ་གསུམ་མཚམས་སྒྲུབ།
མི་འགྱུར་རིན་པོ་ཆེ་དགུང་ལོ་བཅུ་གསུམ་ལ་ཕེབས་སྐབས། ཤེས་རབ་གླིང་དགོན་དུ་འགོ་འཛུགས་རྒྱུའི་ལོ་གསུམ་མཚམས་གྲྭར་ཞུགས་ཆོག་པའི་གནང་བ་དམིགས་བསལ་ཅན་ཞིག་ཡབ་དང་ཏཱའི་སི་ཏུ་རིན་པོ་ཆེ་རྣམ་གཉིས་ལ་གསོལ་འདེབས་ཞུས། དེ་འདྲའི་ན་གཞོན་ཞིག་གིས་རེ་བསྐུལ་འདི་འདྲ་ཞུ་བ་ནི་ཤིན་ཏུ་དཀོན་པ་ཞིག་ཡིན་ཡང་། ཁོང་རྣམ་གཉིས་ཀྱིས་ཞལ་བཞེས་གནང་བ་ལྟར་མི་འགྱུར་རིན་པོ་ཆེས་མི་ཚེ་ཕྱེད་ཀ་མཚམས་ལ་བཞུགས་མྱོང་བའི་མཁས་གྲུབ་གཉིས་ལྡན་གྱི་སྒྲུབ་དཔོན་སལ་བྱེད་རིན་པོ་ཆེའི་སློབ་སྟོན་འོག་མཚམས་ལ་བཞུགས་འགོ་བཙུགས།
དེ་ནས་ལོ་གསུམ་གྱི་རིང་ལ་མི་འགྱུར་རིན་པོ་ཆེས་སྔོན་འགྲོའི་རིམ་པ་སྟེ། སྒོམ་པ་པོ་རྣམས་གཏིང་ཟབ་པའི་ཏིང་ངེ་འཛིན་གྱི་ཉམས་ལེན་ལ་གྲ་སྒྲིག་བྱེད་པའི་ཡན་ལག་དང་། བསྐྱེད་རིམ་སྟེ་དམིགས་པ་དང་སྔགས་ལ་བརྟེན་ནས་ཐ་མལ་གྱི་སྣང་བ་ལམ་དུ་སློང་བའི་ཐབས། རྫོགས་རིམ་སྟེ་ལུས་ཀྱི་རྩ་རླུང་ཐིག་ལེ་ཕྲ་མོ་ལ་གནད་དུ་བསྣུན་པའི་ལམ། ཕྱག་རྒྱ་ཆེན་པོ་སྟེ་སེམས་ཀྱི་གནས་ལུགས་འོད་གསལ་བ་དངོས་སུ་ཉམས་སུ་མྱོང་བར་བྱེད་པའི་ཉམས་ལེན་རྣམས་མཛད་དོ། ། མི་འགྱུར་རིན་པོ་ཆེས་མཚམས་ཀྱི་རིང་ལ་སྙིང་རུས་དྲག་པོ་བསྐྱེད་པའི་འབྲས་བུ་ལས་སེམས་དང་ཉོན་མོངས་པའི་འགྱུ་བ་ལ་དབང་འབྱོར་བའི་ཁྱད་པར་གྱི་རྟོགས་པ་བརྙེས། སྐབས་དེར་ཁོང་གིས་ཆུང་དུས་ནས་སེམས་འཚབ་ཀྱི་ནད་ཀྱིས་མནར་བ་དེ་དག་རྩ་བ་ནས་བཅོམ་ཞིང་། དཀའ་ཚེགས་ཆེ་བའི་ཉོན་མོངས་ཀྱི་དཀའ་ངལ་རྣམས་སེལ་བ་ལ་སྒོམ་གྱི་ཉམས་ལེན་ཇི་ལྟར་བཀོལ་དགོས་པའི་གནད་རང་གིས་མངོན་སུམ་དུ་རྟོགས།
ཡོངས་དགེ་མི་འགྱུར་རིན་པོ་ཆེས་ལོ་གསུམ་གྱི་སྐུ་མཚམས་མཐར་ཕྱིན་པ་དང་། ཁོང་གི་བརྩེ་བའི་བླ་མ་གསལ་བྱེད་རིན་པོ་ཆེ་དགོངས་པ་རྫོགས་པས། ཤེས་རབ་གླིང་དགོན་པའི་གནད་ཆེའི་ཕྱག་ལས་ཀྱི་ས་མིག་སྟོང་པར་ལུས་དེའི་ཚབ་ཏུ་ཏཱའི་སི་ཏུ་རིན་པོ་ཆེ་ཆོགས་གྱི་མི་འགྱུར་རིན་པོ་ཆེ་དགོན་པ་དེའི་སྒྲུབ་དཔོན་དུ་བསྐོ་བཞག་གནང་ཞིང་། མ་འོངས་པའི་ལོ་གསུམ་སྒྲུབ་གྲྭའི་ནང་དགེ་འདུན་པ་དང་བཙུན་མ་རྣམས་ལ་ནང་དོན་སངས་རྒྱས་པའི་སྒོམ་སྒྲུབ་ཀྱི་ཟབ་གནད་རྣམས་སློབ་སྟོན་གནང་རྒྱུའི་ཐུགས་འགན་བཞེས། དགུང་ལོ་བཅུ་བདུན་ལ་སོན་པའི་མི་འགྱུར་རིན་པོ་ཆེ་ནི་ཕྱག་ལས་འདི་འདྲ་བཞེས་མཁན་གྱི་བླ་མ་གཞོན་ཤོས་ཀྱི་གྲས་ཤིག་ཡིན་ནོ།།
ཤེས་རབ་གླིང་དགོན་པ་ལ་ལྟ་རྟོག་བྱེད་པ།
མི་འགྱུར་རིན་པོ་ཆེས་ཡབ་དང་བཀའ་བརྒྱུད་ཀྱི་བླ་མ་ཆེན་པོ་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་རྣམ་གཉིས་ལས་གལ་ཆེའི་དབང་ལུང་མན་ངག་རྣམས་མུ་མཐུད་ནས་གསན། དགུང་ལོ་བཅུ་དགུའི་ཐོག་རྫོང་སར་བཤད་གྲྭར་ཞུགས་ཏེ་མཁས་དབང་མཁན་པོ་ཀུན་དགའ་དབང་ཕྱུག་གི་དྲུང་ནས་དབུ་མ་དང་ཚད་མ་སོགས་ནང་བསྟན་རིག་གཞུང་གི་གཞུང་ཆེན་ཁག་ལ་གསན་བསམ་མཛད་དེ་མཁས་པར་བསླབས། དགུང་ལོ་ཉི་ཤུར་ཕེབས་སྐབས་གདན་ས་ཤེས་རབ་གླིང་གི་དབུ་ཁྲིད་པ་ཏཱའི་སི་ཏུ་རིན་པོ་ཆེ་ཡུན་རིང་ཕྱོགས་ཕེབས་གནང་བའི་རིང་དགོན་པའི་ཕྱག་ལས་ཀྱི་འགན་བཞེས་དགོས་པའི་བཀའ་ཕེབས། ཕྱག་ལས་གསར་པ་དེའི་སྐབས་སུ་ཁོང་གིས་དགོན་དེར་བཤད་གྲྭ་གསར་འཛུགས་གནང་བར་གཙོ་སྐྱོང་མཛད་པ་དང་། བཤད་གྲྭའི་དགེ་རྒན་གྱི་རོགས་དན་གནང་མུས་སུ་ལོ་གསུམ་སྒྲུབ་ཁང་ཐེངས་གསུམ་པའི་སྒྲུབ་དཔོན་གྱི་ཐུགས་འགན་ཡང་མཉམ་དུ་བཞེས། དགུང་ལོ་ཉེར་ལྔའི་བར་དུ་ཤེས་རབ་གླིང་གི་ཕྱག་ལས་རྣམས་འཛིན་སྐྱོང་གནང་བའི་ཞོར་ལ་ཟླ་བ་གཅིག་ནས་གསུམ་བར་མཚམས་ལ་ཡང་ཡང་བཞུགས། དགུང་ལོ་ཉེར་གསུམ་གྱི་ཐོག་སྐྱབས་རྗེ་ཏཱའི་སི་ཏུ་རིན་པོ་ཆེའི་མདུན་ནས་བསྙེན་པར་རྫོགས།
གདམས་ངག་གལ་ཆེན་རྣམས་སོ།།
དེ་དུས་མི་འགྱུར་རིན་པོ་ཆེས་རྙིང་མའི་མཁས་གྲུབ་ཆེན་པོ་ཉོས་ཤུལ་མཁན་རིན་པོ་ཆེ་ལས་རྫོགས་པ་ཆེན་པོའི་བཀའ་དྲིན་ཅན་གྱི་ཆོས་སྐོར་གསན། ལོ་ཤས་ཀྱི་རིང་ལ་ཁྱོན་བསྡོམས་ཞག་གྲངས་བརྒྱ་ཕྲག་གཅིག་གི་རིང་དུ་སྒོམ་ཆེན་པ་ཆེན་པོ་དེ་ཉིད་ལས་རྫོགས་པ་ཆེན་པོ་སྙིང་ཐིག་གི་སྙན་བརྒྱུད་ལེགས་པར་མནོས། རྫོགས་ཆེན་གྱི་ཁྲེགས་ཆོད་དང་ཐོད་རྒལ་གྱི་གདམས་པ་འདི་དག་ནི་ཤིན་ཏུ་གསང་བ་དམ་པོ་ཡིན་པས་དུས་གཅིག་ཏུ་གང་ཟག་གཅིག་ལ་མ་གཏོགས་ཆིག་བརྒྱུད་ཀྱི་ཚུལ་དུ་གནང་དགོས་པ་ཡིན། སྔོན་ཆད་ཡབ་ལས་བསླབས་པ་དེ་ཇི་ལྟ་བ་བཞིན་དུ་མི་འགྱུར་རིན་པོ་ཆེས་མན་ངག་རེ་རེ་བཞིན་ཞུས་ནས་དེའི་དོན་ཉམས་སུ་མྱོང་བ་ཞིག་བྱུང་བའི་རྗེས་སུ་མ་གཏོགས་སླར་ཡང་ཆོས་ཞུ་བར་མ་བྱོན། དཀོན་པའི་བཤད་ཁྲིད་ཀྱི་ཚུལ་འདི་ལ་མྱོང་ཁྲིད་ཅེས་གྲགས་སོ།།
དེ་ནས་ལོ་ངོ་དུ་མའི་རིང་ལ་མི་འགྱུར་རིན་པོ་ཆེས་གཞུང་ཆེན་བཀའ་པོད་ལྔ་སྟེ་དབུ་མ་དང་། ཕར་ཕྱིན། མངོན་པ། ཚད་མ། འདུལ་བ་བཅས་ཀྱི་སློབ་གཉེར་མུ་མཐུད་དུ་མཛད་པ་མ་ཟད། གལ་ཆེ་བའི་བརྗོད་གཞི་གཞན་དག་ལའང་སྦྱངས་པ་མཛད་དོ། །ཁོང་གིས་ཉིན་རེའི་དགེ་སྦྱོར་དང་དུས་མཚམས་ཀྱི་རི་ཁྲོད་མཚམས་ལ་བཞུགས་པ་བརྒྱུད་ནས་རང་གི་ཐུགས་དམ་སྒོམ་བཟླས་ལའང་ཡར་རྒྱས་གོང་འཕེལ་བཏང་ངོ་། །
ད་ལྟའི་བར་དུའང་མི་འགྱུར་རིན་པོ་ཆེ་མཆོག་གིས་རང་ཉིད་ཀྱི་གསན་བསམ་དང་སྒོམ་སྒྲུབ་མུ་མཐུད་ནས་གནང་བཞིན་ཡོད། ཉེ་བའི་དུས་སུ་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་ལས་རྙིང་མ་བཀའ་མ་དང་རྙིང་ཐིག་ཡབ་བཞི་སོགས་རྫོགས་པ་ཆེན་པོའི་གདམས་པ་གལ་ཆེ་བ་རྣམས་གསན་བཞེས་གནང་། དེ་བཞིན་དཔལ་སྤུངས་ཤེས་རབ་གླིང་དགོན་དུ་འཇམ་མགོན་ཀོང་སྤྲུལ་གྱི་རིན་ཆེན་གཏེར་མཛོད་དང་གདམས་ངག་མཛོད་ཀྱི་དབང་ལུང་ཁྲིད་གསུམ་གྱི་ཆོས་འཁོར་བསྐོར་བའི་སྐབས་སུ་གསན་བསམ་ལ་ཞུགས་སོ།།
ནང་པའི་ཆོས་དང་ཚན་རིག
ཡོངས་གྲགས་ཀྱི་སྒོམ་སྒྲུབ་དང་ནང་པའི་ལྟ་གྲུབ་ཀྱི་རྒྱབ་ལྗོངས་ཕུན་སུམ་ཚོགས་པའི་ཐོག་ཏུ། མི་འགྱུར་རིན་པོ་ཆེ་མཆོག་གིས་སྐུ་ཚེ་གང་པོར་སེམས་ཁམས་རིག་པ་དང་། དངོས་ཁམས་རིག་པ། དབང་རྩའི་ཚན་རིག་བཅས་ལ་ཐུགས་སྣང་ཆེན་པོ་གནང་ཡོད། ཁོང་དགུང་ལོ་ཆུང་ངུའི་དུས་ནས་རང་གི་ཡབ་སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེའི་མདུན་ནས་སྒོམ་སྒྲུབ་སློབ་གཉེར་གནང་བར་བལ་ཡུལ་དུ་ཕེབས་པའི་དབང་རྩའི་ཚན་རིག་པ་གྲགས་ཅན་ neuroscientist Francisco Varela ་དང་ལྷན་དུ་གཞུང་འབྲེལ་མ་ཡིན་པའི་བགྲོ་གླེང་རིམ་པ་མང་པོ་དབུ་བཙུགས། ལོ་མང་པོ་ཞིག་གི་རྗེས་སུ་སྟེ་ཕྱི་ལོ་ ༢༠༠༢ ལོར་༸གོང་ས་མཆོག་གི་བཀའ་དགོངས་ལྟར་ཝིས་ཀོན་སིན་གཙུག་ལག་སློབ་གཉེར་ཁང་གི་ཝེ་སི་མན་ཀླད་པའི་བརྙན་པར་དང་སྤྱོད་ལམ་བརྟག་དཔྱད་ཁང་དུ་མི་འགྱུར་རིན་པོ་ཆེ་མཆོག་དང་སྒོམ་པ་རྒན་གྲས་འགའ་ཤས་གདན་འདྲེན་ཞུས། དེར་མཁས་དབང་ Richard Davidson ་དང་ Antoine Lutz ་ལ་སོགས་པའི་ཚན་རིག་པ་རྣམས་ཀྱིས་ཉམས་ལེན་པ་ཚོའི་ཀླད་པར་སྒོམ་གྱིས་ཤུགས་རྐྱེན་ཇི་ལྟར་ཐེབས་མིན་ལ་བརྟག་དཔྱད་གནང་། གསར་གཏོད་ཀྱི་རང་བཞིན་ལྡན་པའི་ཞིབ་འཇུག་འདིའི་གྲུབ་དོན་རྣམས་རྒྱལ་སྤྱིའི་རྒྱལ་ཡོངས་ས་ཁམས་རིག་པ་དང་དུས་བབ་གསར་དེབ་སོགས་ཀློག་པ་པོ་མང་ཤོས་ཀྱི་དུས་དེབ་ཁག་ཏུ་བཀོད། དེ་ནས་ Harvard ་གཙུག་ལག་སློབ་གྲྭ་དང་ MIT སོགས་ཚན་རིག་ཞིབ་འཇུག་གི་ལྟེ་གནས་གལ་ཆེན་གཞན་དག་ཏུའང་རྗེས་མཐུད་ཀྱི་བརྟག་དཔྱད་རིམ་པར་བྱས། རིན་པོ་ཆེ་མཆོག་གིས་ད་དུང་ཡང་ཞིབ་འཇུག་འདི་དག་ལ་མུ་མཐུད་འབྲེལ་གཏུག་དང་། ནུབ་ཕྱོགས་ཀྱི་ཚན་རིག་དང་ནང་ཆོས་བར་གྱི་གསོན་ཉམས་ལྡན་པའི་བགྲོ་གླེང་ལ་ཕྱག་ལས་ཧུར་ཐག་གནང་བཞིན་པ་ལགས་སོ།།