སྐྱབས་རྗེ་༧ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གི་སྐུ་ཕྲེང་།
ང་ཚོའི་སྐོར།
བོད་བརྒྱུད་ནང་བསྟན་དུ་སྤྲུལ་སྐུའི་བརྒྱུད་པ་ནི་ཤིན་ཏུ་གལ་ཆེན་ཞིག་ཡིན། ནང་བསྟན་གྱི་གྲུབ་མཐའ་ཕལ་མོ་ཆེའི་ནང་དུ་སེམས་ཀྱི་རྒྱུན་ལ་མཐའ་མེད་པར་འདོད་དོ། འདས་པ་དང་། ད་ལྟར་བ། མ་འོངས་པ་བཅས་ཀྱི་སྐྱེ་བ་རིམ་པར་འཐུད་པའི་སེམས་ཀྱི་རྒྱུན་ཡོད་པར་བཞེད་པ་དང་། སྐྱེ་བ་རེ་རེ་ནི་སྔ་མའི་ཚེ་རབས་སུ་བསགས་པའི་ལས་ལ་རྟེན་ནས་འབྱུང་བ་ཡིན། དེ་ལྟ་བུའི་ལྟ་ཚུལ་གྱི་རྗེས་སུ་འབྲངས་ན། ཡང་སྲིད་བཞེས་པ་ནི་བླ་མ་རྣམས་ཀྱིས་དམ་པའི་ཆོས་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་མུ་མཐུད་དུ་སྒྲུབ་པའི་ཐབས་ཤིག་ཡིན། ཡོངས་དགེ་མི་འགྱུར་རིན་པོ་ཆེའི་ཞལ་གདམས་ནི་ལོ་ངོ་བཞི་བརྒྱ་ཙམ་གྱི་གོང་ནས་བརྒྱུད་པའི་ནང་ཆོས་ཀྱི་བརྒྱུད་པ་རིང་མོ་ཞིག་གི་ཆ་ཤས་ཡིན། །
གཏེར་སྟོན་རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ།
བཀའ་བརྒྱུད་ཀྱི་ཆོས་བརྒྱུད་དུ་སྐུ་འཁྲུངས་ཤིང་། ཁོང་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཟབ་གཏེར་མཛོད་ཀྱི་གཏེར་སྟོན་ཞིག་ཡིན། རབ་བྱུང་བཅུ་གཅིག་པའི་ས་འབྲུག་ལོར་ (༡༦༢༨) སྐུ་འཁྲུངས། མདོ་ཁམས་ཟལ་མོ་སྒང་གི་བྱེ་བྲག་སྡེ་དགེའི་མངའ་ཁོངས་སྐྱབས་ཆེ་ཞེས་པའི་འབྲོག་ས་རུ་ཡབ་ཡོངས་དགེ་དབོན་པོ་དང་ཡུམ་བེར་མོ་བཟའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་ནི་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་ཡིན་ལ། རྒྱ་གར་དུ་སངས་རྒྱས་ཀྱི་དུས་སུ་དགེ་སློང་མ་འགག་པ་ཡིན། བོད་དུ་བསྟན་པ་སྔ་དར་གྱི་དུས་སུ་ལྷ་སྲས་མུ་ཁྲི་བཙན་པོ་ཡིན། ཁོང་ཉིད་ནས་པདྨ་ལས་གླིང་པ་དང་ཞིག་པོ་གླིང་པ་ལ་སོགས་པའི་སྐྱེ་སྲིད་ཡིན་པར་ཞལ་གྱིས་བཞེས། །
ཟུར་མང་དྲུང་ཆེན་ཀུན་དགའ་རྣམ་རྒྱལ་གྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ཀརྨ་བསམ་འགྲུབ་ཅེས་གསོལ། གྲུབ་ཆེན་ཟུར་མང་པ་དང་འཛི་སྒར་བསོད་ནམས་རྒྱ་མཚོ་སོགས་བླ་མ་དུ་མ་ལས་དབང་དང་གདམས་པ་མང་དུ་གསན་ཏོ། །ཁོང་གིས་བསམ་གཏན་དང་གསུང་རབ་ཀྱི་སློབ་གཉེར་ཁོ་ན་ལ་བརྩོན་པར་མཛད་ཅིང་། ཁུ་བོ་ཡོངས་དགེ་བླ་མ་དང་ལྷན་དུ་བཟོ་ཞི་དགོན་དུ་བཞུགས། ཁོང་གི་ཐུགས་རྒྱུད་ཞི་ཞིང་དུལ་བ་དང་། ཕྱག་བྲིས་ཀྱི་སྐུ་བརྙན་དུ་མ་ཡང་བཞེངས་སོ། །
རྒྱལ་དབང་ཀརྨ་པ་བཅུ་པ་ཆོས་དབྱིངས་རྡོ་རྗེ་མཇལ་བར་ཕེབས་པའི་ལམ་བར་དུ་གཏེར་ཁ་བཏོན་པའི་ཤུལ་ཞིག་ནས་གསེར་གྱི་ཟླ་ཚེས་ཤིག་རྙེད་པ་ཀརྨ་པ་ལ་ཕུལ། ཀརྨ་པ་མཆོག་ཏུ་དགྱེས་ནས་གཏེར་ཐོབ་པར་ཞལ་གྱིས་བཞེས་ཤིང་། ཁོང་ལ་གཏེར་སྟོན་གྱི་གསང་མཚན་རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་ཞེས་བཏགས།
དགུང་ལོ་ཉེར་ལྔར་ཕེབས་པའི་ཚེ་གྲུབ་ཐོབ་ཆེན་པོ་ཀརྨ་པཀྵིའི་ཞལ་གཟིགས་ཤིང་། དེ་མ་ཐག་པཀྵིའི་བླ་མའི་སྒྲུབ་ཐབས་དགོངས་གཏེར་དུ་བབས། དེ་ནས་ཡོང་དགེའི་གཏེར་ཆོས་པོད་གསུམ་དང་། གྲོ་ལོད་རྩ་གསུམ། པདྨ་བཛྲ། ཐབས་ཤེས་ཁ་སྦྱོར་གྱི་ཚེ་སྒྲུབ་ལ་སོགས་པའི་ཟབ་གཏེར་མང་པོ་སྤྱན་དྲངས། །
ཁོང་གིས་རྒྱལ་དབང་ཀརྨ་པ་བཅུ་གཅིག་པའི་འཁྲུངས་རབས་དང་དགོངས་པ་རྫོགས་པའི་ལུང་བསྟན་གནང་ཞིང་། བཅུ་གཉིས་པ་ངོས་འཛིན་བྱ་རྒྱུའི་ལུང་བསྟན་ཀྱང་མཛད། སི་ཏུ་ཆོས་འབྱུང་གིས་གསུངས་པར། གཏེར་སྟོན་ཆེན་པོ་འདི་འདྲ་བས་གཞན་གྱི་སེམས་ཐོགས་པ་མེད་པར་མཁྱེན་པ་དང་། རྫུ་འཕྲུལ་ལ་དབང་འབྱོར་བས་དཔྱོད་ལྡན་རྣམས་ཀྱང་དད་པ་ལ་བཀོད་པ་སོགས་ཁྱད་འཕགས་ངོ་མཚར་དུ་མ་དང་ལྡན་པའི་ཚད་མ་རིག་གཞུང་རྒྱ་མཚོ་ལྟ་བུ་ཞིག་ཁོང་གི་སྐུ་ཚེ་གང་པོར་མངའ་བར་མཛད་དོ། །
མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པའི་སྒོ་ནས་འགྲོ་བ་རྣམས་ཐབས་མཁས་ཀྱིས་བསྐྱངས་ཤིང་། བསྟན་འགྲོར་ཕན་པའི་མཛད་པ་བསམ་གྱིས་མི་ཁྱབ་པ་གནང་བས། ཕྱུགས་ནད་དང་དམག་འཁྲུག་བཟློག་སྟེ་བདེ་སྐྱིད་ཀྱི་དཔལ་ལ་བཀོད། སི་ཏུ་ཆོས་ཀྱི་འབྱུང་གནས་ལ་གཏེར་ཆོས་ཀྱི་དབང་བསྐུར་དང་བྱིན་རླབས་ལུང་བསྟན་མང་དུ་མཛད། གཞན་ཡང་སྔགས་པ་ཨ་དགོད་ཨ་མྱེ། བྱ་བཏང་སྐུ་མཆོག ཁྱུང་གྲགས་རྡོ་རྗེ། རྒྱ་ནག་རྟོགས་ལྡན་སོགས་སློབ་མ་མང་དུ་བྱུང་། ཁོང་གིས་མ་འོངས་པར་ཕྱི་གླིང་གི་དམག་བཟློག་པའི་དུས་ལ་བབས་པ་སོགས་ཡང་སྲིད་ཀྱི་ལུང་བསྟན་གསུངས་ནས། རབ་བྱུང་བཅུ་གཉིས་པའི་ས་བྱི་ལོ་ཕྱི་ལོ་ ༡༧༠༨ ཟླ་དགུ་པའི་མར་ངོའི་ཚེས་བཅུ་ལ། སྐེ་སྟོད་བམ་ཐང་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་གཤེགས། །
མི་འགྱུར་རྡོ་རྗེའི་སྐུ་ཕྲེང་གཉིས་པ་ཀུན་བཟང་ཆོས་ཀྱི་རྡོ་རྗེ་མཆོག
ཀུན་བཟང་ཆོས་ཀྱི་རྡོ་རྗེ་མཆོག་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་སྟག་ (༡༧༡༠) ལོའི་ཡས་མས་སུ་ཤར་ཕྱོགས་བོད་ཀྱི་ལྷ་ཐོག་རྒྱལ་པོའི་མངའ་ཁོངས་རི་བོ་ཆེའི་ཕྱོགས་ཀྱི་ཁྱིམ་ཚང་ཞིག་ཏུ་འཁྲུངས། ཁོང་འཁྲུངས་པའི་ཚེ་དཔྲལ་བར་རྡོ་རྗེའི་སྤྱན་གྱི་འབུར་དོད་པ་ལ་སོགས་པའི་ངོ་མཚར་བའི་རྟགས་མཚན་དུ་མ་བྱུང་། དེ་ནས་ཐམས་ཅད་མཁྱེན་པ་ཞྭ་དམར་བརྒྱད་པ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་ལས་རབ་ཏུ་བྱུང་ཞིང་། མཚན་ཀུན་བཟང་ཆོས་ཀྱི་རྡོ་རྗེ་ཞེས་གསོལ། དགུང་ལོ་བཅུ་གསུམ་ལ་ཕེབས་པའི་ཚེ་ཐམས་ཅད་མཁྱེན་པ་ཞྭ་དམར་བརྒྱད་པ་དང་། སི་ཏུ་ཆོས་ཀྱི་འབྱུང་གནས་ལ་སོགས་པའི་མཁས་གྲུབ་ཀྱི་བཤེས་གཉེན་དུ་མ་བསྟེན་ནས་མདོ་དང་། ཁྱད་པར་དུ་ཐབས་གྲོལ་གྱི་གདམས་པ་རྣམས་ལ་སྦྱངས་པ་ཕུལ་དུ་ཕྱིན་པར་མཛད་དེ་མདོ་སྔགས་ཀུན་ལ་མཁས་པའི་ཡང་རྩེར་སོན། ཁོང་ལ་གྲུབ་པའི་རྟགས་མཚན་དང་རྫུ་འཕྲུལ་གྱི་མངའ་ཐང་བསམ་གྱིས་མི་ཁྱབ་པ་མངའ་ཞིང་། གཞན་གྱི་སེམས་ཉིད་རང་དང་དབྱེར་མེད་དུ་ཐོགས་པ་མེད་པར་གཟིགས་པའི་མངོན་ཤེས་དང་ལྡན། དེ་ལྷ་བུའི་སྒོ་ནས་སྐལ་ལྡན་གྱི་སློབ་མ་མང་པོར་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ་ཐར་པའི་སྒོ་མོ་ཡངས་པོར་ཕྱེས། མཐར་རབ་བྱུང་བཅུ་གསུམ་པའི་ཤིང་ཕག་ (༡༧༥༥) ལོར་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་བསྟན། ཁོང་གི་གསུང་རྩོམ་ལའང་དགོངས་གཏེར་དང་ཟ་ཡིག་བྱིན་རླབས་ཅན་ལ་སོགས་པ་པོད་གཉིས་ཙམ་བཞུགས་སོ། །
མི་འགྱུར་རྡོ་རྗེའི་སྐུ་ཕྲེང་གསུམ་པ་ཀརྨ་རིག་འཛིན་མཆོག་གྲུབ་དབང་པོ།
ཁོང་ནི་ཕྱི་ལོ་༡༧༥༧ ལོར་མདོ་ཁམས་རི་བོ་ཆེའི་ཕྱོགས་ཀྱི་སྐེད་ཆུའི་ནུབ་རྒྱུད་དུ་སྐུ་འཁྲུངས། ཕྱི་ལོ་༡༧༦༡ ལོར་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཁོང་གི་གཙུག་ཕུད་བཞེས་ཤིང་སྐྱབས་སྡོམ་ཕུལ་བ་དང་། ཁྲི་འདོན་མངའ་གསོལ་དང་ཤིས་བརྗོད་མཛད། ཁོང་ནི་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་ཞིག་ཡིན་ལ། འཛི་སྒར་རིག་འཛིན་རྡོ་རྗེ་དྲག་པོའི་སློབ་མ་བཅུའི་ནང་ནས་གངས་སེང་ལྟར་མངོན་པར་འཕགས་པ་ཞིག་ལགས་སོ། །ཁོང་གིས་མཛད་པའི་དབང་བཤད་དང་སྔགས་དོན་སོགས་ཀྱི་གསུང་རྩོམ་ཉུང་ངུ་ལས་མ་བཞུགས། རབ་བྱུང་བཅུ་གསུམ་པའི་སྨད་ཙམ་ལ་སྐུ་གཤེགས་སོ། །
མི་འགྱུར་རྡོ་རྗེ་སྐུ་ཕྲེང་བཞི་པ་ཁྲ་དགོན་མི་འགྱུར་ཀརྨ་གསང་སྔགས་བསྟན་འཛིན།
རབ་བྱུང་བཅུ་གསུམ་པའི་སྨད་དུ་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་ཆར་གཏོགས་པ་ཟླ་ལུང་ཁྲ་དགན་དུ་ཡབ་ཨ་ཁྲུག་ཀརྨ་ཚེ་བརྟན་དང་ཡུམ་ལྷ་དགའ་དཔལ་འཛོམས་གཉིས་ཀྱི་སྲས་སུ་འཁྲུངས། སི་ཏུ་པདྨ་ཉིན་བྱེད་དབང་པོས་མི་འགྱུར་རྡོ་རྗེའི་སྐུ་ཕྲེང་བཞི་པར་ངོས་འཛིན་མཛད་དེ་མཚན་ཀརྨ་གསང་སྔགས་བསྟན་འཛིན་བཟང་པོ་ཞེས་གསོལ། རྒྱལ་དབང་ཀརྨ་པ་བཅུ་བཞི་པ་ལ་ཡོངས་དགེ་ནོར་བུ་སྐོར་གསུམ་སོགས་དབང་ལུང་ཁྲིད་གསུམ་མང་དུ་ཕུལ། སྐྱེས་ཆེན་འདིས་སྤྱི་བསྟན་དང་བྱེ་བྲག་ཀརྨ་ཀཾ་ཚང་གི་སྒྲུབ་བརྒྱུད་ལ་ཕྲིན་ལས་ཀྱི་བཞག་པ་ཤིན་ཏུ་ཆེ་བ་མཛད། མཐར་རབ་བྱུང་བཅུ་བཞི་པའི་སྨད་དུ་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། །
མི་འགྱུར་རྡོ་རྗེའི་སྐུ་ཕྲེང་ལྔ་པ་ཀརྨ་ཆོས་གྲགས་དཔལ་བཟང་པོ།
རབ་བྱུང་བཅུ་བཞི་པའི་སྨད་དུ་ཁམས་སྡེ་དགེའི་མངའ་ཁོངས་སྒོ་སྟོད་ཤར་ཁ་གཙང་དུ་འཁྲུངས། ཡབ་དཔལ་མེད་དང་ཡུམ་བདེ་ལེགས་ཆོས་མཚོ་གཉིས་ཀྱི་སྲས་སུ་གྱུར། འཇམ་མགོན་བློ་གྲོས་མཐའ་ཡས་སོགས་བཤེས་གཉེན་མང་པོ་བསྟེན་ནས་གསན་བསམ་མཛད། སྐུ་གཞོན་ནུའི་དུས་ནས་མཁས་གྲུབ་ཀྱི་དགེ་འདུན་ལ་གུས་པ་ཆེན་པོ་མངའ་བས། བཤད་སྒྲུབ་ལ་བརྩོན་པ་རྣམས་ལ་བསྙེན་བཀུར་དང་། བཀྲ་ཤིས་ཆོས་རྫོང་གི་རི་ཁྲོད་འོག་མ་དང་། དགོན་ལག་ན་ལུང་རི་ཁྲོད། བཙུན་དགོན་སོགས་བཤད་སྒྲུབ་ཀྱི་སྡེ་མང་པོ་བཙུགས། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་ཤིང་། འདུལ་བ་གཙང་མར་ཉམས་སུ་བཞེས་པའི་བསྟན་པའི་བདག་པོ་འདི་ཉིད་སྙིགས་མའི་དུས་འདིར་སངས་རྒྱས་ཀྱི་བསྟན་པ་ལ་ཐུགས་ཁུར་ཆེ་བར་མཛད། བཀའ་བརྒྱུད་གོང་མ་རྣམས་ཀྱི་རྣམ་ཐར་གྱི་རྗེས་སུ་འབྲངས་ཏེ། སྐུ་ཚེ་རིལ་པོར་སྒྲུབ་པའི་སྙིང་པོ་འབའ་ཞིག་ལ་གཞོལ། ཞལ་སློབ་ཀྱང་དིལ་ཆུང་ཚང་ཉིད། ཉག་མེད་རྟོགས་ལྡན། ལ་ཡང་རྟོགས་ལྡན་ཀརྨ་བསྟན་འཕེལ། དགོན་གསར་དགུ་དྲག། བྱམས་པ་ཤེར་དགའ། གྲུབ་པ་ཚེ་འཛིན། རྟ་མཁན་བསྟན་པ་ཚེ་རིང་། ཟི་མགོ་ཇོ་མོ་སོགས་ཚེ་བློས་བཏང་གི་སློབ་མ་མང་དུ་བྱུང་། མཐར་ཕྱི་ལོ་ ༡༩༣༢ ཙམ་ལ་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། །
མི་འགྱུར་རྡོ་རྗེའི་སྐུ་ཕྲེང་དྲུག་པ་གནས་ར་མི་འགྱུར་ཀརྨ་འཇིགས་མེད་ཆོས་ཀྱི་སེང་གེ་ངེས་དོན་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ།
རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་ལོར། (༡༩༣༤) སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་སྨན་ཤོད་གྲོང་ཚོའི་མདུན་གྱི་གནས་ར་གཙང་ཞེས་པའི་ས་ཆར་སྐུ་འཁྲུངས། ཁོང་ནི་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་ཚ་བོ་ཡིན། ཡབ་བློ་བཟང་རྒྱལ་མཚན་དང་ཡུམ་སྒྲོལ་མ་ལྷ་མོ་གཉིས་ཀྱི་སྲས་སུ་གྱུར། སི་ཏུ་པདྨ་དབང་མཆོག་རྒྱལ་པོས་ཁོང་མི་འགྱུར་རྡོ་རྗེའི་སྐུ་ཕྲེང་ལྔ་པར་ངོས་འཛིན་མཛད་དེ། སྤྲུལ་སྐུ་འཁྲུལ་མེད་འདིས་བསྟན་འགྲོ་ལ་ཕན་ཐོགས་ངེས་ཅན་འབྱུང་བར་ལུང་བསྟན། མཚན་ལ་ཀརྨ་འཇིགས་མེད་ཆོས་ཀྱི་སེང་གེ་ངེས་དོན་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཞེས་གསོལ། ༡༩༣༨ ལོར་གཏེར་སྒར་དགོན་པས་མི་འཇིགས་གསེར་གྱི་ཁྲི་ལ་མངའ་གསོལ་ཞིང་། དད་པ་མི་ཕྱེད་པས་བསྔགས་བརྗོད་ཆེན་པོ་མཛད། སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་དྲུང་ནས་རབ་ཏུ་བྱུང་ཞིང་། རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེ་དང་ཐུགས་ཡིད་གཅིག་ཏུ་འདྲེས། ༡༩༥༧ ལོའི་དབྱར་ཁར་མཚུར་ཕུ་དགོན་པ་བརྒྱུད་མགོན་པོ་དུད་མགོན་ཏྲག་ཤད་ཀྱིས་ལུང་བསྟན་པ་ལྟར་རྒྱ་གར་དུ་ཕེབས། རུམ་བཏེག་དགོན་དུ་རྒྱལ་དབང་ཀརྨ་པས་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་པ་ཚུགས་སྐབས་ཁོང་ཉིད་ཆོས་དཔོན་དུ་ཆེད་དུ་བསྐོས། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སོགས་སྐྱེས་ཆེན་དུ་མས་བཀུར་བཟོས་མཛད། མི་ཚེ་གང་པོར་འཇིག་རྟེན་ཆོས་བརྒྱད་ཀྱི་ཞེན་པ་དང་བྲལ་བའི་ཉམས་ལེན་ལ་གཞོལ། མཐར་རྟག་འཛིན་ཅན་གྱི་གདུལ་བྱ་རྣམས་ཆོས་ལ་བསྐུལ་བའི་ཕྱིར། ༡༩༧༥ ལོར་སྐུ་གཟུགས་ཀྱི་བཀོད་པ་གནས་སྐབས་སུ་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ། །
མི་འགྱུར་རྡོ་རྗེའི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ལོ་ཚིགས་རེའུ་མིག།
ཡོངས་དགེ་རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ། (༡༦༢༨-༡༧༠༨)
ཀུན་བཟང་ཆོས་ཀྱི་རྡོ་རྗེ། / །ཀརྨ་འཆི་མེད་ནུས་ལྡན་གྲུབ་པའི་དབང་པོ། (༡༧༡༠-༡༧༥༥ ཙམ།)
རི་བོ་མི་འགྱུར་ཀརྨ་རིག་འཛིན་མཆོག་གྲུབ་དབང་པོ། (ཕྱེད་ ༡༧༥༧ ཙམ་ནས་རབ་བྱུང་བཅུ་གསུམ་པའི་སྨད་ཀྱི་བར་དུ་བྱུང་།)
ཁྲ་དགེ་མི་འགྱུར་ཀརྨ་གསང་སྔགས་བསྟན་འཛིན། (རབ་བྱུང་བཅུ་གསུམ་པའི་སྨད་ནས་བཅུ་བཞི་པའི་སྨད་བར་དུ་བྱུང་།)
ཤར་ཁ་མི་འགྱུར་ཀརྨ་ཆོས་གྲགས་དཔལ་བཟང་། (རབ་བྱུང་བཅུ་བཞི་པའི་སྨད་ནས་ཕྱི་ལོ་ ༡༩༣༢ ཙམ་བར།)
གནས་ར་མི་འགྱུར་ཀརྨ་འཇིགས་མེད་ཆོས་ཀྱི་སེང་གེ་ངེས་དོན་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ། (༡༩༣༤-༡༩༧༥)
ཀརྨ་འགྱུར་མེད་བསྟན་འཛིན་ཆོས་ཀྱི་རྡོ་རྗེ། (༡༩༧༦–ད་ལྟ།)