སྐྱབས་རྗེ་༧ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག

ང་ཚོའི་སྐོར།

ཡོངས་དགེ་མི་འགྱུར་རིན་པོ་ཆེ་ནི་བོད་བརྒྱུད་ནང་བསྟན་གྱི་བཀའ་བརྒྱུད་དང་རྙིང་མའི་བརྒྱུད་པ་གཉིས་ཀྱི་སྤྲུལ་སྐུ་ཞིག་དང་། དགེ་བའི་བཤེས་གཉེན། ཆོས་ཀྱི་དབུ་ཁྲིད། དེ་བཞིན་ལྗགས་རྩོམ་གྲགས་ཆེ་བའི་རྩོམ་པ་པོ་ཞིག་ཀྱང་ཡིན། ཁོང་ལ་བོད་ཀྱི་སྔ་རབས་ཀྱི་ཤེས་རབ་རྣམས་དེང་དུས་དང་མཐུན་ཞིང་ཡིད་དབང་འཕྲོག་པའི་སྒོ་ནས་སྟོན་པའི་དཀོན་པའི་ནུས་པ་ཞིག་མངའ་བ་དང་། ཟབ་ཅིང་གོ་བདེ་བའི་ཆོས་བཤད་དང་། བཞད་གད་ཀྱི་རྣམ་པ་འབྲེལ་བའི་བཀའ་སློབ་རྣམས་ཀྱིས་འཛམ་གླིང་གི་ས་ཕྱོགས་ཀུན་གྱི་སློབ་མ་རྣམས་ཀྱི་དད་གུས་ཐོབ་ཡོད། ཁྱད་པར་དུ་རིན་པོ་ཆེའི་གསུང་ཆོས་ནང་དེང་རབས་ཚན་རིག་གི་ཞིབ་འཇུག་དང་ཁོང་ཉིད་ཀྱི་མྱོང་བ་གཉིས་སྒོམ་སྒྲུབ་ཀྱི་ལག་ལེན་དང་སྦྲགས་ནས་ཟུང་འབྲེལ་དུ་གནང་གི་ཡོད།

མི་འགྱུར་རིན་པོ་ཆེ་སྐུ་ཆུང་ངུའི་དུས་ནས་ཡབ་སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེས་ཆོས་ལུགས་དང་འཇིག་རྟེན་གྱི་རྒྱབ་ལྗོངས་མི་འདྲ་བ་དུ་མ་ལྡན་པའི་སྐྱེ་བོ་ཀུན་ལ་ཆོས་སྟོན་པ་གཟིགས་ཤིང་། ཡབ་ཀྱི་རིས་མེད་ཀྱི་བཞེད་པ་དེས་བློ་སྒོ་འབྱེད་དེ་རིག་གནས་དང་རྒྱབ་ལྗོངས་མི་འདྲ་བའི་འགྲོ་བ་རྣམས་ལ་གདམས་ངག་དང་ཐབས་ལམ་གང་ཞིག་གིས་ཕན་ཐོགས་ཆེ་ཤོས་འབྱུང་མིན་ལ་ཐུགས་རྟོག་ཤིན་ཏུ་སྐྱེས། དེ་ལྟར་དོགས་གནད་ཀྱི་དྲི་བ་རྣམས་རང་གི་བླ་མ་ཁག་དང་། ལྷག་པར་དུ་ཡབ་རྗེ་ཉིད་དང་ཤེས་རབ་གླིང་གི་མཚམས་བླ་གསལ་བྱེད་རིན་པོ་ཆེ་གཉིས་ལ་བཀའ་འདྲི་ཞུས། དེའི་ཚེ་རྒྱ་གར་འཕགས་པའི་ཡུལ་གྱི་སྔོན་གྱི་སྲོལ་རྒྱུན་ལྟར། ནང་དོན་རིག་པའི་ལྟ་བ་དང་། དྲན་པ་ཉེར་བཞག་གི་སྒོམ་པ་དང་བྱམས་སྙིང་རྗེ་སྤེལ་བའི་ཐབས་ལམ་སོགས་ཉམས་མྱོང་གི་སྒོ་ནས་སྟོན་པའི་ལུགས་བཟང་ཞིག་ཡོད་པ་མཁྱེན་ཏེ། དེ་དག་ནི་དད་མོས་དང་རིག་གནས་མི་འདྲ་བའི་དོན་གཉེར་ཅན་རྣམས་ལ་འཚམ་པར་བསྟན་དུ་རུང་བ་ཞིག་གོ།

ཡོངས་འཛིན་མི་འགྱུར་རིན་པོ་ཆེ་མཆོག་གིས་ཕྱག་དེབ་དུ་མ་ལྗགས་རྩོམ་གནང་ཡོད་པའི་ནང་ནས། འཛམ་གླིང་ནང་བྲིན་ཁ་ཤིན་ཏུ་ཆེ་བའི་ཕྱག་དེབ་གཉིས་ནི། ༼འཚོ་བའི་དགའ་བདེ། བདེ་སྐྱིད་ཀྱི་གསང་བ་དང་ཚན་རིག་སྒོ་འབྱེད།༽ ཅེས་པ་དང་། ༼འཇིག་རྟེན་ལ་ཆགས་པ། འཚོ་ཤི་བར་དོའི་ཁྲོད་ཀྱི་དགེ་སྦྱོང་གི་བགྲུད་ལམ་།༽ ཅེས་པ་གཉིས་ཡིན། ཕྱག་དེབ་འདི་གཉིས་ཀ་སྐད་རིགས་ཉི་ཤུ་ལྷག་གི་ནང་དུ་བསྒྱུར་ཟིན། ཉེ་ཆར་ཁོང་གིས་ཊེཌ་ (TED) བགྲོ་གླེང་ཐོག་གནང་བའི་གསུང་བཤད་ཀྱི་ཁ་བྱང་ལ་ “རང་གི་རིག་པ་ལ་ཇི་ལྟར་འཇུག་དགོས་པའི་སྐོར། སྒོམ་རྒྱག་རྒྱུ་ནི་ཁྱེད་ཀྱིས་བསམ་པ་ལས་སླ་བ་ཡོད་པའི་རྒྱུ་མཚན་ཅི།” ཞེས་འཁོད་ཡོད།

རིན་པོ་ཆེ་མཆོག་གིས་འཛམ་གླིང་ཡུལ་གྲུ་གང་སར་རྒྱ་ཆེན་པོར་ཆོས་འཆད་ཉན་གནང་བ་དང་། །བལ་ཡུལ་དང་རྒྱ་གར་ནང་ཆོས་ཕྱོགས་དང་སྤྱི་ཚོགས་ཞབས་ཞུའི་ལས་གཞི་ཁག་ལ་ལྟ་རྟོག་གནང་བཞིན་པ་མ་ཟད། །འཛམ་གླིང་གི་གླིང་ཆེན་དྲུག་གི་ནང་དུ་སྒོམ་སྒྲུབ་ཉམས་ལེན་གྱི་ལྟེ་གནས་ཁག་ལ་འགོ་ཁྲིད་མཛད་བཞིན་ཡོད། །

ཡོངས་དགེ་མི་འགྱུར་རིན་པོ་ཆེས་ནུབ་ཕྱོགས་སུ་ཐོག་མར་བཙུགས་པའི་ཆོས་ཚོགས་ནི་ཡོངས་དགེ་ནང་པའི་ཆོས་ཚོགས་དེ་ཡིན། །

Connect » Facebook | Instagram | YouTube