(H.E.L.P.) ནི་ (Dubai) རུ་འཚོགས་པའི་ (COP28) གྱི་རང་བྱུང་ཁམས་ལ་ཕན་པའི་སྐུ་ཚབ་ཚོགས་པའི་ནང་མཉམ་ཞུགས་བྱས།

ཕྱི་ལོ་ ༢༠༢༣ ལོའི་ཟླ་བ་བཅུ་གཉིས་པའི་འགོ་སྟོད་དུ། (HELP) ཚོགས་པའི་ལས་འཆར་ཚོགས་ཆུང་གིས་ཧི་མ་ལ་ཡའི་མཐོ་སྒང་གི་ས་མ་གྲོང་ཚོ་ནས་གྲོང་ཁྱེར་ (Dubai) བྱེ་ཐང་བར་ཕྱིན་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ (COP28) ལ་མཉམ་ཞུགས་བྱས། ས་མ་གྲོང་དུ་མཚན་མོའི་དྲོད་ཚད་ཀླད་ཀོར་འོག་གི་ཚད་རིམ་ ༧ (–7°C) ཙམ་ཡིན་པ་ནས་ (Dubai) ་ཚ་དྲོད་ཧ་ཅང་ཆེ་བའི་གནམ་གཤིས་ལ་གཞི་ནས་གོམས་འདྲིས་བྱུང་རྗེས། ཚོགས་ཆུང་དེ་ (Dubai) ་འགྲེམས་སྟོན་ཁང་ ༢༠༢༠ (Dubai Expo 2020) སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་འཚོགས་ཡུལ་དུ་བསྐྱོད་པ་རེད།

༢༠༢༣ ལོའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཉམ་གཤིབ་གཟེངས་རྟགས་ (UNDP Equator Prize) བཞེས་མཁན་ཡིན་པའི་ཆ་ནས། H.E.L.P ཚོགས་པའི་ཚོགས་མི་རྣམས་ (འདི་ནི་ཐོག་མར་བལ་ཡུལ་གྱི་གཏེར་སྒར་དགེ་རྩ་ཚོགས་པ་ནས་ཡིན) བྱེད་སྒོ་ཁག་ལ་མཉམ་ཞུགས་གནང་ཡོད། H.E.L.P ཚོགས་པའི་འགན་འཛིན་(Margot Clavier) མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བལ་ཡུལ་ཡན་ལག་གིས་གོ་སྒྲིག་གནང་བའི “བལ་ཡུལ་དུ་རྒྱུན་སྐྱོང་ཐུབ་པའི་ཡར་རྒྱས་ཆེད་གསར་གཏོད་བེད་སྤྱོད་བྱེད་པ” ཞེས་པའི་བགྲོ་གླེང་ཐོག་གསུང་བཤད་གནང་། H.E.L.P ཚོགས་པའི་ལས་འཆར་འགན་འཛིན་པ་ Pasang Norbu Lama དང་ Tsering Yangzom གཉིས་ནི་ FAO དང་ UNDP གཉིས་ཀྱིས་གོ་སྒྲིག་གནང་བའི “སྒེར་གྱི་ལས་རིགས་དང་སོ་ནམ་ས་ཆ་བེད་སྤྱོད་བརྒྱུད་ནས་ཁོར་ཡུག་འགྱུར་ལྡོག་གི་ལས་དོན་རྒྱ་བསྐྱེད་གཏོང་བ” ཞེས་པའི་བགྲོ་གླེང་དང་། ཡང་ UNDP ཡིས་གོ་སྒྲིག་གནང་བའི “རང་བྱུང་ཁམས་དང་གནམ་གཤིས་ཆེད་ཐོབ་ཐང་ལ་གཞི་བཅོལ་བའི་མཉམ་ལས་ཀྱི་ཐབས་ལམ” ཞེས་པའི་བགྲོ་གླེང་ཐོག་གསུང་བཤད་གནང་བར་གདན་འདྲེན་ཞུས། བྱེད་སྒོ་དང་པོའི་ཐོག་(Margot Clavier) དང་ Pasang Norbu Lama གཉིས་ཀྱིས་གཙོ་བོའི་གསུང་བཤད་གནང་བ་དང་། བྱེད་སྒོ་མཐའ་མའི་ཐོག་བལ་ཡུལ་གཏེར་སྒར་དགེ་རྩ་ཚོགས་་པས་མཉམ་གཤིབ་གཟེངས་རྟགས་ཐོབ་པའི་སྐོར་གྱི་གློག་བརྙན་ཐུང་ངུ་ཞིག་བསྟན་ཡོད།

COP 28 ལ་མཉམ་ཞུགས་བྱས་པ་དེ་ནི་ས་གནས་ཐོག་གི་ H.E.L.P. ཚོགས་པའི་ཕྱག་ལས་ཀྱི་གནས་བབ་སྤྱི་ཡོངས་ལ་རྒྱུས་ལོན་དང་འབྲེལ་མཐུད་བྱེད་པ་དང་། རང་རེའི་ཉམས་མྱོང་དང་ལོ་རྒྱུས་རྣམས་འཛམ་གླིང་ས་ཕྱོགས་གང་ས་ནས་ཡོང་བའི་མི་གཞན་དག་ལ་བཤད་རེས་བྱེད་པའི་གོ་སྐབས་བཟང་པོ་ཞིག་བྱུང་། དེ་བཞིན་དུ་གཞི་རིམ་གྱི་ཚོགས་པ་གཞན་དང་། ས་གནས་ཀྱི་སྤྱི་ཚོགས། ཡུལ་མི་གདོད་མའི་དབུ་ཁྲིད་རྣམས་དང་། དེ་བཞིན་བྷྲ་ཛིལ་དང་། ཁེན་ཡ། པ་པུ་འ་ནིའུ་གྷི་ནི་བཅས་ནས་ཕེབས་པའི་རང་བྱུང་ཁམས་ལ་ཕན་པའི་སྐུ་ཚབ་ཚོགས་པའི་ཚོགས་མི་རྣམས་དང་། སྲིད་གཞུང་གི་སྐུ་ཚབ་དང་། སྒྲིག་འཛུགས་དང་སྒེར་གྱི་ཞལ་འདེབས་གནང་མཁན་སོགས་དང་མཉམ་དུ་ལས་དོན་འབྲེལ་མཐུད་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཀྱང་བསྐྲུན་ཡོད།

འདི་ནི་སློབ་སྦྱོང་དང་མཐུན་ལམ་ཟབ་ཏུ་གཏོང་བའི་དུས་སྐབས་གལ་ཆེན་ཞིག་བྱུང་། དེ་བཞིན་ང་ཚོའི་ཚོགས་པས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱེད་པ་དང་། ཡུལ་མི་རྣམས་ཀྱིས་རང་བྱུང་ཁོར་ཡུག་ལ་བསྟུན་མཁས་དང་སྲུང་སྐྱོབ་བྱེད་པར་རོགས་རམ་བྱ་རྒྱུའི་དམ་བཅའ་བསྐྱར་གསོ་དང་བསམ་གཞིག་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཀྱང་བསྐྲུན་ཡོད། ཉམས་མྱོང་འདིས་ཀུན་གྱི་མཐོང་རྒྱ་དང་ཐོས་རྒྱ་ཆེར་བསྐྱེད་བྱས་སོ། །ང་ཚོས་རྒྱལ་སྤྱིའི་ཚོགས་ཆེན་ཆེ་ཁག་གི་འགྲོ་ལུགས་ལ་རྒྱུས་ལོན་བྱས་པ་མ་ཟད། ང་ཚོའི་གོ་ལ་དང་བུ་རབས་ཚ་རྒྱུད་ཀྱི་མ་འོངས་པའི་ཆེད་དུ་གནམ་གཤིས་སྲུང་སྐྱོབ་ཀྱི་ལས་དོན་ནུས་པ་ལྡན་པ་ཞིག་ཡོང་བར་གྲོས་མོལ་དང་ལག་ལེན་གང་འདྲ་ཞིག་དགོས་མིན་དང་། གང་ཞིག་ལམ་ལྷོང་ཡོང་མིན་བཅས་ཀྱི་མྱོང་བ་དངོས་སུ་ཐོབ་བྱུང་།

 
Next
Next

(H.E.L.P.) གཟའ་འཁོར་གསུམ་གྱི་རིང་ལ་འཁྱམས་དང་ཁྱིམ་གྱི་ཁྱི་དང་ཞི་མི་བཅས་ལ་ས་བོན་འགོག་པ་དང་རིམས་ནད་སྔོན་འགོག་གི་སྨན་ཁབ་རྒྱག་པའི་ལས་གཞི་ཞིག་ལེགས་གྲུབ་བྱུང་ཡོད།