H.E.L.P.གྱི་ལམ་སྟོན་ལས་རིམ་གསར་པ།
ནུབ་རི་དང་ཙུམ་ཡུལ་གྱི་བུད་མེད་རྣམས་ཀྱི་ཆེད་དུ་ཤེས་ཡོན་དང་ཡོང་འབབ་བཟོ་བསྐྲུན་གྱི་ལས་གཞི་མང་དག་ཅིག་ཡོད་པ་དང་མཉམ་དུ། (H.E.L.P.) ཚོགས་པས་ས་གནས་ཀྱི་སྤྱི་ཚོགས་ལ་ཕན་གྲོགས་བྱེད་ཆེད་ཧི་མ་ལ་ཡའི་སྐྱེས་པ་རྣམས་ལ་ཤེས་ཡོན་དང་། ལག་རྩལ། ལས་ཀའི་གོ་སྐབས་བཅས་སྤྲོད་པའི་ལས་འཆར་གསར་པ་ཞིག་བརྩམས་ཡོད། ད་ལྟའི་ཆར་ (H.E.L.P.) ་ཚོགས་པས་བལ་ཡུལ་ཡི་ཡུལ་སྐོར་སྣེ་ལེན་དང་བདག་གཉེར་གྱི་མཐོ་རིམ་སློབ་གཉེར་ཁང་ (NATHM) དང་། ནུབ་རི་ས་གནས་གཞུང་དང་མཉམ་འབྲེལ་གྱིས་རྒྱལ་ཡོངས་ལག་འཁྱེར་ཐོབ་པའི་སྦྱོང་བརྡར་ལས་གཞི་གསར་པ་གཉིས་ཏེ། ས་གནས་ལམ་སྟོན་པའི་སྦྱོང་བརྡར་དང་། དོས་སྐྱེལ་རི་འཛེགས་ལམ་སྟོན་པའི་སྦྱོང་བརྡར་བརྒྱུད་ནས་བལ་ཡུལ་ནང་ལས་ཀའི་གོ་སྐབས་གསར་སྐྲུན་བྱེད་བཞིན་ཡོད།
གནས་ཚུལ་གསར་པ་དང་ཡོང་འབབ་གསོ་སྐྲུན་གྱི་གོ་སྐབས་འདི་དག་སྔོན་ཆད་ས་ཁུལ་འདིའི་ནང་བྱུང་མྱོང་མེད། ས་གནས་ཀྱི་དགོས་མཁོ་དང་བསྟུན་པའི་ལག་ལེན་སྦྱོང་བརྡར་གྱི་ལས་གཞི་འདི་དག་བརྒྱུད་དེ། ཤེས་ཚད་དམའ་བའི་ས་གནས་ཀྱི་སྐྱེས་པ་ཚོར་ལམ་སྟོན་པའི་ལག་འཁྱེར་ལེན་པའི་གོ་སྐབས་སྤྲོད་ཀྱི་ཡོད། གཞུང་འབྲེལ་གྱི་ལམ་སྟོན་པའི་ལག་འཁྱེར་སྤྲོད་པའི་ལས་གཞི་ཁག་གི་ནང་འཛིན་གྲྭ་བཅུ་པ་ (ས་གནས་ལམ་སྟོན་པའི་སྦྱོང་བརྡར་ཆེད་) འམ་འཛིན་གྲྭ་བཅུ་གཉིས་པ་ (དོས་སྐྱེལ་རི་འཛེགས་ལམ་སྟོན་པའི་ཆེད་) ཐོན་པ་རྣམས་ཁོ་ན་མིང་འགོད་བྱེད་ཆོག་པ་ཡིན་ཡང་། ས་གནས་འདིའི་སྐྱེས་པ་ཕལ་མོ་ཆེར་ཤེས་ཚད་དེ་འདྲ་མེད།
(NATHM) ཞེས་པའི་ཚོགས་པ་འདིས་ལོ་ངོ་ ༣༥ ལྷག་གི་རིང་ལ་ཤིན་ཏུ་ཕུལ་དུ་བྱུང་བའི་ཤེས་ཡོན་གྱི་ལས་གཞི་སྤེལ་བ་དང་། Switzerland / France བཅས་སུ་བརྗེ་རེས་སློབ་སྦྱོང་གི་ལས་རིམ་ཡང་གཉེར་བཞིན་ཡོད། ལས་རིམ་འདི་དག་གིས་སྦྱོང་བརྡར་དང་ལག་ལེན་གྱི་གོ་སྐབས་འདོན་སྤྲོད་བྱེད་ཀྱི་ཡོད་པ་དང་། དེར་ཞུགས་མཁན་རྣམས་ཀྱིས་ལོ་བཞིའི་ལས་ཀའི་ཉམས་མྱོང་བསགས་རྗེས་ལག་འཁྱེར་ཆ་ཚང་ཐོབ་ཐུབ། ལམ་སྟོན་པའི་སྦྱོང་བརྡར་གྱི་ཞོར་དུ་སློབ་མ་ཡོངས་ཀྱིས་སྤྱི་ཚོགས་ཀྱི་ཚོགས་མི་གཞན་དང་ལྷན་དུ་ནང་ཆོས་དང་བསམ་གཏན་ངོ་སྤྲོད་ཀྱི་ལས་རིམ་ལ་མཉམ་ཞུགས་བྱེད་བཞིན་ཡོད།།