སྐྱབས་རྗེ་༧ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག

སྐྱབས་རྗེ་༧ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གི་རྣམ་ཐར་རྒྱ་ཆེ་བ།

སྐྱབས་རྗེ་༧ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གི་རྣམ་ཐར་རྒྱ་ཆེ་བ།

སྐྱབས་རྗེ་༧ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་ནི་སྤྱི་ལོ་༡༩༧༥་སྐབས་སུ་བལ་བོད་ཀྱི་ས་མཚམས་སུ་ཡོད་པའི་ཧ་མ་ལ་ཡའི་གྲོང་གསེབ་ཅིག་ཏུ་འཁྲུངས། དེ་ལ་ཡང་ཡབ་ཡོངས་སུ་གྲགས་པའི་སྒོམ་ཆེན་༧སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེ་དང་། ཡུམ་བོད་རྒྱལ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་སྡེ་བཙན་གྱི་གདུང་རྒྱུད་དུ་གྱུར་པའི་བསོད་ནམས་ཆོས་སྒྲོན་གཉིས་ཀྱི་སྲས་ཡིན་ལ།

དགུང་ལོ་ཆུང་དུས་ནས་རིན་པོ་ཆེ་མཆོག་ཐོས་བསམ་སྒོམ་གསུམ་གྱི་འཚོ་བ་ལ་ཐུགས་མོས་ཆེན་པོ་བྱུང་སྟེ་ཡང་ནས་ཡང་དུ་གྲོང་གསེབ་ཀྱི་ཉེ་འགྲམ་དུ་ཡོད་པའི་བྲག་ཕུག་ལ་སྒོམ་བསྐྱོན་དུ་ཕེབས། འོན་ཀྱང་དགུང་ལོ་ཆུང་དུས་དེར་ཁོང་ཉིད་ཀྱི་ཐུགས་ལ་གློ་བུར་དུ་དངངས་སྐྲག་ཆེན་པོ་ཡོང་ཆོག་ཆོག་ཡོད་པའི་རྐྱེན་པས་མི་གཞན་ལ་ཐུགས་འབྲེལ་གནང་བ་དང་ཁོར་ཡུག་ཡིད་དུ་འོང་བ་དེ་ལྟ་བུར་ལོངས་སུ་སྤྱོད་པའི་ནུས་པ་སོགས་ལ་སྐུ་ངལ་ཆེན་པོ་བྱུང་། ཁོང་ཉིད་ཀྱི་སྤོ་བོ་ལགས་བླ་མ་༧བཀྲ་ཤིས་རྡོ་རྗེ་མཆོག་ཡིན་ལ་ཁོང་ཉིད་ནུབ་རིའི་ཡུལ་དུ་ཆེས་རྩི་བཀུར་ཞུས་པའི་བླ་མ་དེ་ཡིན་པ་དང་། ཁོང་ཉིད་དང་༧སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེ་གཉིས་ཐུགས་ཤིན་ཏུ་འཆམ་པོ་ཡོད་པ་དང་།

བླ་མ་༧་བཀྲ་ཤིས་རྡོ་རྗེ་ནི་ནུབ་རི་ཡུལ་གྱི་པདྨ་ཆོས་གླིང་དགོན་གྱི་དབུ་ཁྲིད་ཡིན་ལ། དགུང་ལོ་ཆུང་དུས་ནས་སྐྱབས་རྗེ་༧མི་འགྱུར་རིན་པོ་ཆེ་མཆོག་གི་ཆེས་ཐོག་མའི་སྒོམ་ཁྲིད་གནང་མཁན་ནི་བླ་མ་༧བཀྲ་ཤིས་རྡོ་རྗེ་དེ་ཉིད་ཡིན། དགུང་ལོ་དགུ་པའི་སྐབས་སུ་སྐྱབས་རྗེ་༧་མི་འགྱུར་རིན་པོ་མཆོག་ནི་བལ་ཡུལ་གྱི་རྒྱལ་ས་ཀཊི་མཱན་ཌུའི་མཐའ་རུ་ཡོད་པའི་སྣང་སྐྱིད་དགོན་པར་ཡབ་རིན་པོ་ཆེ་ལྷན་དུ་སྒོམ་ཁྲིད་ཞུ་རུ་ཕེབས། ལོ་གསུམ་ཙམ་རིང་ཡབ་༧སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེས་སྤྱིར་ཤིན་ཏུ་གསང་བར་རྩིས་པ་དང་སློབ་མ་རབ་རྐྱང་རྐྱང་ལ་གནང་བའི་ཕྱག་རྫོགས་གཉིས་ཀྱི་མྱོང་ཁྲིད་ཟབ་མོ་གནང་།

སྐབས་དེར་ཡབ་རིན་པོ་ཆེས་ཁོང་ཉིད་ལ་མན་ངག་གནང་སྟེ་ཐུགས་ཉམས་མངོན་སུམ་དུ་ཡོང་བའི་ཆེད་དུ་སྒོམ་བསྐྱོན་པར་ཕེབས་སུ་བཅུག་གནང་། དགུང་ལོ་བཅུ་གཅིག་པའི་སྐབས་སུ་ཁོང་ཉིད་ལ་རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་བྱམས་མགོན་༧ཀྭན་ཏིང་ཏྭའི་སི་ཏུ་རིན་པོ་ཆེ་མཆོག་གིས་ཕྱག་འདེབས་གནང་བའི་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་དཔལ་སྤུངས་ཤེས་རབ་གླིང་དགོན་དུ་གདན་འདྲེན་ཞུས་ཏེ་ཁོང་ཉིད་ཀྱིས་རྗེ་མར་པ་ལོ་ཙྭ་བས་བོད་དུ་སྤེལ་མཛད་པའི་བསྟན་པ་སློབ་གཉེར་གནང་བ་དང་། སྒྲུབ་དཔོན་བླ་མ་ཚུལ་ཁྲིམས་ལགས་ཀྱི་འཁྲིས་སུ་ཀརྨ་བཀའ་བརྒྱུད་ཀྱི་ཆོ་ག་དང་སྒྲུབ་ཐབས་སོགས་སྦྱང་གནང་། དགུང་ལོ་བཅུ་གཉིས་པའི་སྐབས་སུ་བྱམས་མགོན་༧ཀྭན་ཏིང་ཏྭའི་སི་ཏུ་རིན་པོ་ཆེ་མཆོག་གིས་ཁོང་ཉིད་ལ་ཡོངས་དགེ་མི་འགྱུར་སྐུ་འཕྲེང་བདུན་པར་ངོས་འཛིན་གནང་བ་བཞིན་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་གནང་།

དགུང་ལོ་བཅུ་གསུམ་པར་ཕེབས་སྐབས་ཤེས་རབ་གླིང་དགོན་དུ་ལོ་གསུམ་ཕྱོགས་གསུམ་གྱི་མཚམས་འགོ་ཚུགས་གྲབས་པའི་རྒྱུ་མཚན་གྱིས་ཁོང་ཉིད་ཀྱིས་ཡབ་རིན་པོ་ཆེ་དང་བྱམས་མགོན་༧ཀྭན་ཏིང་ཏྭའི་སི་ཏུ་རིན་པོ་ཆེ་མཆོག་གཉིས་ཆར་མཚམས་སུ་ཞུགས་པའི་ཆོག་མཆན་དམིགས་བསལ་གནང་བར་ཐུགས་རེ་ནན་པོས་ཞུས་གནང་བས་གཞོན་སྐྱེས་ཀྱིས་རེ་བ་དེ་ལྟར་ཞུ་བ་ཆེས་དཀོན་པོ་ཡིན་ནའང་ཁོང་གཉིས་ཀྱིས་ཞལ་བཞེས་གནང་བ་དང་། སྐུ་ཚེ་ཕྱེད་ཀར་སྐུ་མཚམས་སུ་བཞུགས་པའི་མཁས་གྲུབ་སྒོམ་ཆེན་༧གསལ་བྱེད་རིན་པོ་ཆེའི་གཟིགས་སྐྱོང་གི་འོག་ཏུ་༧མི་འགྱུར་རིན་པོ་ཆེ་ཁོང་ཉིད་ཀྱིས་སྐུ་མཚམས་སུ་བཞུགས་པར་དབུ་བཙུགས། དེ་ནས་ཁོང་ཉིད་ཀྱིས་ལོ་གསུམ་རིང་ཉམས་ལེན་པ་སུ་ཞིག་སྒོམ་གྱི་མཐོ་རིམ་སྣོད་དུ་རུང་བར་འགྱུར་བའི་དོན་དུ་སྔོན་འགྲོ་དང་། གསལ་འདེབས་དང་སྔགས་ཀྱི་སྒོ་ནས་ཐ་མལ་གྱི་སྣང་བ་བཅོས་པའི་དོན་དུ་བསྐྱེད་རིམ། ལུས་ཀྱི་རྩ་རླུང་ཐིག་ལེ་གསུམ་གྱི་སྒོ་ནས་སྒོམ་པ་རྫོགས་རིམ། སེམས་ཉིད་འོད་གསལ་བ་མངོན་སུམ་དུ་རྟོགས་པའི་དོན་དུ་ཕྱག་ཆེན་སྒྲུབ་པ་ཉམས་བཞེས་གནང་། ཁོང་ཉིད་ཀྱིས་སྐུ་མཚམས་ལ་བཞུགས་རིང་འབད་བརྩོན་ངལ་བ་མེད་པར་གནང་བས་ཐུགས་ཤེས་ལ་རང་དབང་ཆེན་པོ་ཐོབ་པའི་གྲུབ་འབྲས་ཁྱད་དུ་འཕགས་པ་ཞིག་བྱུང་། སྐབས་དེར་སྔར་ཆུང་དུས་ནས་དྲག་པོར་བྱུང་བའི་དངངས་སྐྲག་ལས་ཤིན་ཏུ་གྲོལ་བ་དང་ཆབས་ཅིག་ཏུ་སྒོམ་གྱི་སྒོ་ནས་སེམས་ཀྱི་དཀའ་ངལ་ཇི་ལྟར་སེལ་དུ་རུང་བ་དེ་མངོན་སུམ་དུ་མཁྱེན་རྟོགས་བྱུང་། ༧མི་འགྱུར་རིན་པོ་ཆེ་སྐུ་མཚམས་དེ་ལས་གྲོལ་སྐབས་ཁོང་ཉིད་ཀྱི་དྲིན་ཅན་བླ་མ་༧གསལ་བྱེད་རིན་པོ་ཆེ་མཆོག་དགོངས་པ་རྫོགས་ཏེ་དེ་ཉིད་ཀྱི་ཚབ་ཏུ་བྱམས་མགོན་༧ཀྭན་ཏིང་ཏྭའི་སི་ཏུ་རིན་པོ་ཆེ་མཆོག་གིས་༨མི་འགྱུར་རིན་པོ་ཆེ་སྒྲུབ་དཔོན་དུ་བསྐོས་གཞག་གནང་བས་ལོ་གསུམ་ཕྱོགས་གསུམ་དུ་བཙུན་པ་དང་བཙུན་མ་རྣམས་ལ་སྒོམ་ཁྲིད་ཟབ་རྒྱས་གནང་བའི་ཐུགས་འགན་ཐོབ་བྱུང་། སྐབས་དེར་དགུང་ལོ་བཅུ་བདུན་དུ་གྱུར་པའི་༧མི་འགྱུར་རིན་པོ་ཆེ་ཁོང་ཉིད་སྒྲུབ་དཔོན་གྱི་ནང་ནས་ཆེས་གཞོན་པ་དེ་ཡིན།

ཤེས་རབ་གླིང་དགོན་ལ་གཟིགས་རྟོག་གནང་སྐབས།

ཡབ་རིན་པོ་ཆེ་དང་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་གཉིས་ནས་༧མི་འགྱུར་རིན་པོ་ཆེས་མུ་མཐུད་ནས་དབང་ལུང་ཁྲིད་གསུམ་ཆོས་བརྒྱུད་གལ་ཆེན་ཁག་ཞུས་གནང་། ཁོང་ཉིད་དགུང་ལོ་བཅུ་དགུ་པའི་སྐབས་སུ་རྫོང་གསར་བཤད་གྲྭར་འཛུལ་གནང་སྟེ་ཡོངས་སུ་གྲགས་པའི་མཁན་པོ་ཀུན་དགའ་དབང་ཕྱུག་མཆོག་གི་གཟིགས་སྐྱོང་འོག་ཏུ་དབུ་མ་དང་ཚད་མ་སོགས་ནང་རིག་པའི་རིག་གནས་སློབ་གཉེར་གནང་། དགུང་ལོ་ཉི་ཤུ་བའི་སྐབས་སུ་བྱམས་མགོན་༧ཀྭན་ཏིང་ཏྭའི་སི་ཏུ་རིན་པོ་ཆེ་མཆོག་ཕེབས་ཐོན་ཡུན་རིང་དུ་གནང་དུས་༨མི་འགྱུར་རིན་པོ་མཆོག་ལ་ཤེས་རབ་གླིང་དགོན་གྱི་མཛད་སྒོ་རྣམས་གཟིགས་རྟོག་གནང་དུ་བཅུག་སྟེ་དུས་དེར་ཁོང་ཉིད་ནི་ཤེས་རབ་གླིང་དགོན་དུ་བཤད་གྲྭ་གསར་པ་ཞིག་ཕྱག་འདེབས་གནང་མཁན་གཙོ་བོ་ཞིག་ཡིན་ལ། དེར་ཡང་སློབ་དཔོན་ཕྱག་རོགས་གནང་བ་དང་ཆབས་ཅིག་ཏུ་ལོ་གསུམ་ཕྱོགས་གསུམ་གྱི་མཚམས་ཐེངས་མ་གསུམ་པར་སྒྲུབ་དཔོན་གྱི་ཐུགས་འགན་ཡང་བསྒྲུབས་པར་མཛད། དེའི་རིང་དུ་དགུང་ལོ་ཉི་ཤུ་རྩེ་ལྔའི་བར་དུ་ཤེས་རབ་གླིང་དགོན་གྱི་མཛད་སྒོ་རྣམས་ལ་གཟིགས་རྟོག་གནང་བཞིན་དུ་ཟླ་བ་གཅིག་གམ་གསུམ་ཙམ་གྱི་སྐུ་མཚམས་སུ་ཡང་ཡང་བཞུགས། ཁོང་ཉིད་ཀྱིས་དགུང་ལོ་ཉི་ཤུ་རྩ་གསུམ་པའི་སྐབས་སུ་བྱམས་མགོན་༧ཀྭན་ཏིང་ཏྭའི་སི་ཏུ་རིན་པོ་ཆེ་མཆོག་ནས་དགེ་སློང་གི་སྡོམ་པ་ཞུས་གནང་།

ཆོས་བརྒྱུད་གལ་ཆེན་ཁག

དེའི་རིང་དུ་༧མི་འགྱུར་རིན་པོ་ཆེ་མཆོག་གིས་རྙིང་མའི་བླ་མ་ཡོངས་སུ་གྲགས་པའི་༧སྨྱོ་ཤུལ་མཁན་རིན་པོ་ཆེ་མཆོག་ནས་རྫོགས་ཆེན་གྱི་ཆོས་བརྒྱུད་གལ་ཆེན་ཞིག་ཞུས་གནང་སྟེ་དུས་ཡུན་ལོ་འགའ་འགོར་བར་ཁྱོན་བསྡོམས་ཉིན་བརྒྱའི་རིང་དུ་མཁན་རིན་པོ་ཆེ་མཆོག་གིས་རྫོགས་ཆེན་སྙིང་ཐིག་གི་སྙན་བརྒྱུད་སྩལ་ཏེ་དེ་བཞིན་དུ་རྫོགས་ཆེན་གྱི་ལུགས་སུ་ཁྲེགས་ཆོད་དང་ཐོད་རྒལ་དེ་གཉིས་ཀྱི་གདམས་པ་ཤིན་ཏུ་གསང་ཞིང་དུས་གཅིག་ཏུ་གང་ཟག་གཅིག་ནས་གཅིག་ཤ་སྟག་ལ་གདམས་པ་ལས་གཞན་ལ་གདམས་མི་ཆོག སྔར་ཡབ་རིན་པོ་ཆེའི་འཁྲིས་ལ་ཐོས་བསམ་སྒོམ་གསུམ་གནང་བ་བཞིན་༧མི་འགྱུར་རིན་པོ་མཆོག་གིས་མན་ངག་ཅིག་ཞུས་གནང་ནས་དེ་ཉིད་མངོན་སུམ་དུ་རྟོགས་ན་མ་གཏོགས་སླར་ཡང་གདམས་ངག་ཞུས་གནང་བར་མ་ཕེབས། གཞན་ཡང་མན་ངག་བསྒྲུབ་ཚུལ་ཐུན་མོང་མ་ཡིན་པ་དེ་ལྟར་ལ་མྱོང་ཁྲིད་ཅེས་ཟེར། དེའི་རྗེས་ནས་ལོ་མང་པོའི་རིང་དུ་༧མི་འགྱུར་རིན་པོ་མཆོག་གིས་དབུ་མ་དང་ཤེར་ཕྱིན། མངོན་པ། ཚད་མ། འདུལ་བ་དང་བཅས་པའི་ནང་བསྟན་གྱི་རིག་གནས་ལྔ་དང་རིག་གནས་གལ་ཆེན་གཞན་ཡང་མུ་མཐུད་ནས་སློབ་གཉེར་གནང་། ད་ལྟའི་བར་དུའང་༧མི་འགྱུར་རིན་པོ་ཆེ་མཆོག་གིས་རྒྱུན་མི་ཆད་པར་སློབ་གཉེར་གནང་བ་དང་སྒོམ་ཉམས་བཞེས་གནང་། ཉེ་ཆར་སྐྱབས་རྗེ་༧འཁྲུལ་ཞིག་རིན་པོ་མཆོག་ནས་རྙིང་མ་བཀའ་མ་དང་སྙིང་ཐིག་ཡབ་བཞི་སོགས་རྫོགས་ཆེན་གྱི་ཆོས་བརྒྱུད་ཞུས་གནང་བ་དང་། ཤེས་རབ་གླིང་དགོན་དུ་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་རིན་ཆེན་གཏེར་མཛོད་དང་གདམས་ངག་མཛོད་ཀྱི་ཆོས་བརྒྱུད་ཀྱང་ཞུས་གནང་།

ནང་ཆོས་དང་ཚན་རིག

ནང་ཆོས་ཀྱི་ཐོས་བསམ་སྒོམ་གསུམ་ཟབ་རྒྱས་གནང་མྱོང་ཡོད་པ་ཙམ་དུ་མ་ཟད་སྐྱབས་རྗེ་༧མི་འགྱུར་རིན་པོ་ཆེ་མཆོག་ནི་སེམས་ཁམས་རིག་པ་དང་དངོས་ཁམས་རིག་པ། ཀླད་ཁམས་རིག་པ་སོགས་ལ་སྐུ་ཚེ་ཧྲིལ་པོར་ཐུགས་མོས་ཆེན་པོ་ཡོད་ལ། དགུང་ལོ་ཆུང་དུས་ནས་ཁོང་ཉིད་ཀྱིས་བལ་ཡུལ་དུ་ཡབ་སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེ་ནས་སྒོམ་ཁྲིད་ཞུ་བར་ཕེབས་པའི་ཡོངས་སུ་གྲགས་པའི་ཀླད་ཁམས་རིག་པ་བ་༼ཕི་རན་སི་སི་ཀོ་འབ་རེ་ལ་༽(Francisco Varela)་ལྷན་དུ་སྒྲིག་ཞུགས་མིན་པའི་གླེང་མོལ་མང་དུ་གནང་། ལོ་མང་པོ་ཕྱིན་པའི་རྗེས་སུ་སྤྱི་ལོ་༢༠༠༢་སྐབས་རྒྱལ་བ་༧གོང་ས་མཆོག་གི་བཀའ་བཞིན་༧མི་འགྱུར་རིན་པོ་མཆོག་དང་སྒོམ་ཆེན་འགའ་གཞན་ལ་ཡང་(University of Wisconsin)ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོའི་(Waisman Laboratory for Brain Imaging and Behavior)ཀླད་པའི་གློག་པར་དང་སྤྱོད་ལམ་ཚན་རིག་ཚོད་ལྟ་ཁང་དུ་གདན་འདྲེན་ཞུས་ཏེ་སྐབས་དེར་༼རི་ཆར་ཌི་ད་བིཌ་སེན་༽(Richard Davidson)་དང་། ༼ཨཎ་ཏི་ཝན་ལུ་ཛེ་༽(Antoine Lutz)་སོགས་ཚན་རིག་པ་འགའ་ཞིག་གིས་སྒོམ་ཆེན་གྱི་ཀླད་པར་སྒོམ་གྱི་འབྲས་བུ་གང་དང་གང་ཡོད་མེད་བརྟགས་ཤིང་དཔྱད། ཆེས་གསར་གཏོད་ཀྱི་ཉམས་ཞིབ་དེའི་འབྲས་བུ་ནི་༼ཎ་ཤུ་ནལ་འཇི་ཡོ་གི་ར་ཕིག་༽(National Geographic)་དང་༼ཐམ་༽(Time)སོགས་འཛམ་གླིང་ཡོངས་སུ་གྲགས་པའི་བརྙན་དེབ་ཁག་ཏུ་སྙན་ཐོ་ཞུས། དེའི་མཇུག་སྐྱོང་བྱས་པའི་ཉམས་ཞིབ་ཁག་༼ཧར་ཝར་ཌི་སློབ་གྲྭ་ཆེན་མོ་༽(Harvard University)དང་། ༼ཨེམ་ཨའི་ཏི་༽(MIT)་སོགས་ཉམས་ཞིབ་ཁང་གལ་ཆེན་ཁག་ཏུ་བསྒྲུབས། དེ་ལ་ཡང་༧མི་འགྱུར་རིན་པོ་ཆེ་མཆོག་གིས་མུ་མཐུད་ནས་ཉམས་ཞིབ་དེ་ལྟར་ལ་མཉམ་ཞུགས་གནང་བ་དང་། ནང་ཆོས་དང་ཚན་རིག་གཉིས་ཀྱི་བར་གྱི་གླེང་མོལ་འདི་ལ་མཉམ་ཞུགས་ཧུར་པོར་གནང་བཞིན་ཡོད།